གཙང་གསུམ་ཆུ་འགོར་སྔོ་ལྗང་གོས་ཀྱིས་བཀླུབས། —— མཚོ་སྔོན་གྱི་དབུལ་སྒྲོལ་དང་འབྱོར་འབྲིང་གི་འཐབ་ས་དང་པོར་བརྟག་ཞིབ་ཏུ་སྐྱོད་པའི་སྙན་ཞུ།
གཙང་གསུམ་ཆུ་འགོར་སྔོ་ལྗང་གོས་ཀྱིས་བཀླུབས།
—— མཚོ་སྔོན་གྱི་དབུལ་སྒྲོལ་དང་འབྱོར་འབྲིང་གི་འཐབ་ས་དང་པོར་བརྟག་ཞིབ་ཏུ་སྐྱོད་པའི་སྙན་ཞུ།
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། | རྩོམ་པ་པོ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀུའུ་ལིང་དང་པད་མ་དབྱངས་མཚོ། | སྤེལ་དུས། 2020-09-20
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཨེར་སྟི་ཤང་ཆོས་ཚ་གྲོང་ཚོ། (མི་མེད་གནམ་གྲུས་པར་བླངས)
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་གངས་རི་ཤང་གཡོན་ཁོག་གྲོང་ཚོར་ས་གནས་དེ་གའི་འབྲོག་པ་དཀོན་མཆོག་སྒྲོལ་མས་གཡོན་ཁོག་འབྲོག་ལས་ཨུ་ཡོན་ལྷན་ཁང་རིག་གསལ་འབྲོག་མོའི་ཁོར་ཡུག་སྲུང་སྐྱོང་བྱེད་སྒོའི་པར་རིས་སྦྱར་སའི་གྱང་ངོས་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་དགའ་ལྡན་གྲོང་ཚོར་གྲོང་མི་བདེ་སྐྱིད་ཀྱིས་གསར་དུ་བསྐྲུན་པའི་སྒོ་རའི་ནང་གྱོན་ཆས་སྐམ་བཞིན་པ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཨེར་སྟི་ཤང་ཆོས་ཚ་གྲོང་ཚོར་གྲོང་མི་སྐར་མ་སྐྱིད་ཀྱིས་བོད་ཆས་འཚེམ་བཞིན་པ།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་དགའ་ལྡན་གྲོང་ཚོར་སྣོད་བཅུད་བདག་སྐྱོང་བ་བསོད་ནམས་སྐྱིད(གཡས)དང་ཚེ་རིང་སྟོབས་རྒྱལ་གྱིས་གྲོང་ཚོའི་ཉེ་འཁོར་གྱི་རྩྭ་ཐང་དུ་གད་སྙིགས་སྒྲུག་བཞིན་པ།
མཐོ་ཞིང་བརྗིད་ཆགས་པའི་ཨ་མྱེས་རྨ་ཆེན་གངས་དཀར་ལྷབ་ལྷབ་གཡོ། དྭངས་ཤིང་གཙང་བའི་རྨ་ཆུ་དལ་བུར་བཞུར། རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པའི་མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་ལྕི་པོ་འཁུར་བཞིན་ཡོད།
“ལྗང་མདོག”ལ་བརྟེན་ནས་འབབ་འཕར་ཡོང་བར་བྱེད་པ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཐ་ལ་གྲམ་ཐང་གི་འོད་ཤུགས་ཐོན་ལས་གླིང་ཁུལ་ལ་ལྟ་སྐབས། སྤྱི་ལེ་ངོས་གྲུ་600ལྷག་ཙམ་གྱི་སར་གོ་ཁྲབ་སྔོན་པོ་གཡོག་པ་ལྟར་གྱི་ཉི་འོད་ཤེལ་ལེབ་སྟར་པ་རེ་རེར་རབ་ཏུ་འཚེར་བའི་ཉི་འོད་ཕོག་ནས་འོད་ཆེམ་ཆེམ་དུ་འཕྲོ་བཞིན་འདུག
གསེར་ཆེན་རྫོང་གྲོང་དང་བར་ཐག་སྤྱི་ལེ་3ཙམ་ཡོད་པའི་ཨེར་སྟི་ཤང་ཆོས་ཚ་གྲོང་ཚོར་སྣོད་བཅུད་བདག་སྐྱོང་བ་རིན་ཆེན་རྒྱལ་ལ་ཟླ་རེར་སྤྱི་ཕན་རང་བཞིན་གྱི་ལས་གནས་གླ་ཆ་སྒོར་1800ལེན་རྒྱུ་ཡོད། “དངུལ་དེ་དག་ནི་ཉི་ནུས་ཐོན་ལས་གླིང་དུ་ལས་ཀ་བྱས་ནས་བྱུང་བ་ཞིག་རེད”གྲོང་སྡོད་ལས་བྱེད་པ་ལི་ཅུན་གྱིས་གྲོང་ཚོ་འདིའི་གྲོང་ཚོ་རིམ་པའི་འོད་ཤུགས་དབུལ་སྐྱོར་གློག་ཁང་དེ་འོད་ཤུགས་ཐོན་ལས་གླིང་དུ་བསྐྲུན་ཡོད། 2018ལོའི་ལོ་མཇུག་ཏུ་དྲ་སྦྲེལ་གློག་གཏོང་བྱས་རྗེས་རིམ་རྩིས་བྱས་ན། ཡོང་འབབ་སྒོར་ཁྲི་28.6བྱུང་བར་80%སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་རྒྱུར་སྤྱད་པ་དང་། དངུལ་ལྷག་མ་རྣམས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཐད་སྤྱད་ཡོད་ཅེས་གསར་འགོད་པར་བཤད།
མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འོད་ཤུགས་དབུལ་སྐྱོར་གཞི་ཁྱོན་ཀྲའོ་ཝ་721.6ཟིན་ཡོད། ནུས་རྒྱུ་གཙང་མས“ལྗང་མདོག”ལ་བརྟེན་ནས་འབབ་འཕར་ཡོང་བར་བྱས་ཏེ། གྲོང་ཚོ་དབུལ་པོ་1622ཚང་མར་སོ་སོར་ཆ་སྙོམས་ཆན་ཝ་290ཡི་གློག་དྲ་ཁྱབ་པ་དང་གྲོང་ཚོའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་30ཙམ་ཟིན་པ་དང་ཕན་པ་ཐོབ་པའི་དུས་ཡུན་ལོ་20ཟིན་གྱི་ཡོད།
རྨ་ཁྲ་ལི་གྲོང་རྡལ་དགའ་ལྡན་གྲོང་ཚོ་ནས་ཡིན་པའི་ལོ་47ལ་སླེབས་པའི་ཁམས་སྐྱིད་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་དགུན་ཁ་གྲང་ཟུག་ཆེ་བའི་ཆུར་ལག་པས་གྱོན་ཆས་འཁྲུད་སྐབས་ཁོ་མོས་གོས་འཁྲུད་འཕྲུལ་འཁོར་སྤྱད་ནས་གྱོན་གོས་འཁྲུ་ཐུབ་སྙམ་པ་བསམ་བློར་ཡང་འཁོར་མྱོང་མེད།
སྔོན་ཆད། མཚོ་སྐྱ་རེངས་ངོགས་ཀྱི་དཀར་རྩེ་གྲོང་ཚོར་སྡོད་མྱོང་བའི་ཁམས་སྐྱིད་ཀྱིས་མཚན་མོ་སྣུམ་ཞུའི་འོད་ལ་བརྟེན་པ་དང་ལྟོ་ཆས་བཟོ་བ་དང་དྲོད་ལེན་རྒྱུ་ལྕི་བར་བརྟེན་པའི་སྐྱས་སྤོས་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ཁྱིམ་ཚང་གི“གློག་ཆས”གཅིག་པུ་དེ་ནི་གློག་ཞུ་རེད།
2016ལོའི་ཟླ་དགུ་པར། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་མགོ་ལོག་དྲ་སྦྲེལ་ལས་གྲྭ་བདེ་བླག་ངང་ལས་མཇུག་འགྲིལ་ནས་རྨ་སྟོད་རྫོང་དུ་བརྟན་ལ་བློས་འགེལ་ཆོག་པའི་གློག་དྲ་ཆེན་པོ་སྦྲེལ་མཐུད་ཐུབ། 2019ལོར། ཁམས་སྐྱིད་ནང་མི་ཡུལ་གཞན་ནས་རྫོང་གྲོང་དུ་སྤོས་པ་དང་ཁྱིམ་དུའང་བརྙན་འཕྲིན་འཕྲུལ་ཆས་དང་། འཁྱགས་སྒམ། གློག་ཐབ་བཅས་སྤྱོད་རྒྱུ་བྱུང་ཡོད།
“ལྗང་མདོག”འདུ་ཤེས་ལ་བརྟེན་ནས་སྔོ་ལྗང་ས་གཞི་བསྐྲུན་པ།
ཞོགས་སྔ་པོར་གཉན་པོ་གཡུ་རྩེའི་རི་གཤམ་གྱི་རྩྭ་རར་སྨུག་པ་འཐིབས། སྣོད་བཅུད་བདག་སྐྱོང་བ་ཉི་མས་ཕྱུ་པ་མཐུག་པོ་ཞིག་གྱོན་ནས་དཔུང་རས་དམར་པོ་བཏགས་ཏེ་སྦག་སྦག་བཞོན་ཏེ་རི་སྐོར་ལ་ཐོན།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་དུ་ཆགས་པའི་གཉན་པོ་གཡུ་རྩེ་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། ཉི་མའི་ཁྱིམ་དེའི་རི་གཤམ་གྱི་སོག་རུ་ཡུལ་ཚོ་ཤང་སོག་རུ་གྲོང་ཚོར་ཡོད། “ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཚེ་རི་བོ་ནམ་ཡང་སྔོ་ཐིང་ཐིང་དུ་འགྱུར་བ་དང་། ཆུ་མོ་ནམ་ཡང་དྭངས་ཤིང་གཙང་བ། གནམ་མཁའ་ནམ་ཡང་སྔོ་ཞིང་བསངས་པ་བཅས་ཡོང་ཐུབ”ཉི་མས་ལག་པ་གཅིག་ལ་གད་སྙིགས་བླུགས་སའི་རྩྭ་རས་འཁྱེར་བ་དང་ལག་པ་གཞན་ཞིག་ཏུ་ལྕགས་ཀྱི་སྐམ་པ་འཁྱེར་ནས་འདུག ཉི་མས“ངས་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་འགྱུར་ལྡོག་ལ་བརྟག་དཔྱད་དང་ཐོ་འགོད་བྱེད་པ་མ་ཟད། ད་དུང་ལྐོག་རྔོན་དང་ལྐོག་གཅོད་ཀྱི་གནས་ཚུལ་ལ་སྐོར་བཤེར་བྱེད་ཀྱི་ཡོད”ཅེས་བཤད།
སྔོན་ཆད་རི་ཆུ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོང་ཚོས་འུར་རྡོ་དབྱུགས་ནས་ལྗང་མདོག་སྲུང་སྐྱོང་བྱེད་ཅིང་། ལོ་བཞིའི་རིང་། ཉི་མས་སྐབས་རེ་རྐང་ཐང་མར་བསྐྱོད་པ་དང་སྐབས་རེ་སྦག་སྦག་བཞོན་ཏེ་ཉིན་ལྟར་རི་སྐོར་ཆུ་ཚོད་3རྒྱག་པ་དང་། ཉིན་གཉིས་ལ་མུའུ་1000ཡོད་པའི་རྩྭ་ར་བསྐོར་གྱི་ཡོད། ཉི་མའི་ཁྱིམ་ཚང་ལ་ཟླ་རེར་ཡོང་འབབ་གཏན་འཇགས་སྒོར་2000ཡོད་པས་ཁོང་གི་ཁྱིམ་གཞིས་སྲུང་བའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན།
ད་ཆ་ཡངས་ཤིང་རྒྱ་ཆེ་བའི་གཙང་གསུམ་ཆུ་འགོའི་ཁུལ་དུ་སྣོད་བཅུད་བདག་སྐྱོང་བ་ཁྲི་1.7གྱིས་སྣོད་བཅུད་སྲུང་བཞིན་ཡོད། ཁོང་ཚོས་སྣོད་བཅུད་དབུལ་སྐྱོར་མ་དངུལ་ལ་བརྟེན་པས་གཙང་གསུམ་ཆུ་འགོའི་ཁུལ་དུ་སྔོ་ལྗང་རྩི་ཤིང་གིས་ཁེངས་པ་མ་ཟད། བབ་ཆགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་མི་དེ་བས་མང་བར་བརྒྱུད་སྤྲོད་བྱེད་བཞིན་ཡོད།
དུས་རབས་20པའི་ལོ་རབས་90པའི་དུས་མཇུག་ཏུ། རྨ་ཆེན་རྫོང་གི་དགུ་སྟོད་རྩྭ་ཐང་ཐོག་ཙི་ཙི་ཆེན་པོ་མང་པོས་གང་སར་རྩྭའི་རྩ་བ་བཟས་པས་ས་ནག་ཐང་དུ་ནོར་ལུག་ལ་རྩྭ་ཟ་རྒྱུ་མེད། 2000ལོར་རྡོ་བསྟན་རྨ་ཆེན་རྫོང་རྟ་བོ་ཤང་དགུ་སྟོད་གྲོང་ཚོའི་ཀྲུའུ་རེན་ལ་བདམས། “ས་ནག་ཐང་བཅོས་སྒྲིག་བྱེད་ཐུབ་ན་གྲོང་མི་ཚོར་བྱ་བ་བཟང་པོ་ཞིག་བསྒྲུབས་པ་རེད”ཁོང་གིས་གྲོང་མི་ཚོའི་སྣེ་ཁྲིད་དེ་རྩྭ་འདེབས་ལམ་བུར་བསྐྱོད་འགོ་ཚུགས།
ས་ནག་ཐང་གི་ས་ཆ་ཆུང་ཆུང་ཞིག་ཏུ་རྩྭ་སོན་གཏོར་ཡང་རྩྭ་རྐང་གཅིག་ཀྱང་མ་སྐྱེས་པ་ནས། རང་ཁྱིམ་གྱི་ཕྱུགས་ཟོག་བཙོངས་ནས་མ་དངུལ་གྲབས་གསོག་བྱས་ཏེ་ས་མཐོའི་ཡུག་པོ་མུའུ་1400བཏབ་པའི་བར། ཁོང་ཚོས་ཚོད་ལྟ་ཐེངས་མ་ག་ཚོད་བྱས་པ་རང་ཉིད་ཀྱིས་ཀྱང་གསལ་པོ་ཤེས་ཀྱི་མེད། དེ་ལྟར་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། མཐར་འཇམ་མཉེན་གྱི་རྩྭ་ལོ་རྐང་རེ་རེ་བཞིན་ཚོད་ལྟའི་ཞིང་ནང་དུ་རྩ་བ་ཚུགས་ནས་མྱུ་གུ་འབུས་འགོ་ཚུགས།
ད་ཆ། དགུ་སྟོད་གྲོང་ཚོའི་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་བུལ་རྩྭ་དང་། ལུག་རྩྭ། སྔ་སྨིན་རྩྭ་བཅས་སྣ་ཁ་གསུམ་བཏབ་པས་མུའུ་ཁྲི་11ཟིན་པའི་སྐྱ་ཐེར་ཐང་སྔོ་ལྗང་གོས་ཀྱིས་བཀླུབས་ཡོད། ད་ཆ་རྡོ་བསྟན་ལོ་68ཟིན་པ་དང་གཟུགས་སྟོབས་ཤིན་ཏུ་ཆེ། “རང་ཉིད་གསོ་སྐྱོང་བྱེད་མཁན་རྩྭ་ཐང་གི་རེ་བ་ཆུད་ཟོས་སུ་མི་གཏོང་བར་བུ་རབས་ཚ་བརྒྱུད་ལ་སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་འཇོག་ཐུབ་པའི་རེ་བ་ཡོད”
“ལྗང་མདོག”ལ་བརྟེན་ནས་ཕྱུག་པོར་འགྱུར་ཐབས་བྱས་པ།
“ཚང་མས་ངའི་ལག་པའི་ཚགས་ཤ་སྐམ་པོ་འདི་ལ་ལྟོས་དང་། ཤ་སྤུས་དག་ལ། ཁྲ་རིས་ཧ་ཅང་གསལ་པོ་ཡོད། མ་གཞི་རིན་གོང་ཅུང་མཐོ་ནའང་། ཁྱེད་ཚོས་དུས་རྒྱུན་ཟ་བ་དེ་དག་དང་གཏན་ནས་འདྲ་ཡི་མ་རེད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་གི་དྲ་ཐོག་ཚོང་དོན་ཞབས་ཞུ་ལྟེ་གནས་ཀྱི་དྲ་རྒྱ་ཐད་གཏོང་མཁན་བློ་རྒྱལ་མཐར་གྱིས་ལག་ཏུ་ཡུལ་དེ་གའི་ཚགས་ཤ་འཁྱེར་ནས་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ཐོག་འཆར་བའི་དྲ་གྲོགས་ཚོའི་འཕྲིན་ལན་ལ་ལྟ་བཞིན་དེ་ལྟར་བརྗོད།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་དྲ་ཐོག་ཚོང་དོན་ཞབས་ཞུ་ལྟེ་གནས་སུ་ཚགས་ཤ་སྐམ་པོ་དང་། ཁ་ཆེ་ཤ་སྐམ། འདྲེ་ཚེར་ནག་པོ། འབྲིའི་འོ་མ་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དྲ་ཐོག་དང་དྲ་ཕྱི་བརྒྱུད་བཙོངས་པས་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་ཡོད། ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཉིང་གིས་ན་ནིང་ཟླ་11པ་ནས་བཟུང་། འབྲིའི་འོ་མ་ཏུན་21བཙོངས་པ་ཁོ་ནས་དུད་ཚང་དབུལ་པོ་1483ལ་འབབ་འཕར་15%ལྷག་རོགས་རམ་ཐུབ་ཡོད།
མཚོ་སྔོན་ནི་མཚོ་བོད་ས་མཐོར་གནས་པས་འཛམ་གླིང་ཐོག་སྤྱི་གནོད་མེད་པ་དང་གཙང་ཤོས་ཀྱི་ས་ཁུལ་བཞིའི་གྲས་ཤིག་ཡིན་པ་ཀུན་གྱིས་ཁས་ལེན་གྱི་ཡོད། སྤུས་དག་ཐོན་ཁུངས་ལ་བརྟེན་ནས། མཚོ་སྔོན་གྱིས་འབྲི་གཡག་དང་། ལུག ནས། གྲང་ཆུའི་ཉ་སོགས“མཚོ་སྔོན་རྟགས་ཅན”གྱི་ཁྱད་ལྡན་སྣོད་བཅུད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱིས་ཞིང་འབྲོག་པ་འབྱོར་འབྲིང་ལམ་བུར་བསྐྱོད་རྒྱུར་རོགས་རམ་བྱས་ཡོད།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་སྐྱིད་ལུང་གྲོང་ཚོར་ལོ་26ལ་སླེབས་པའི་བོད་རིགས་གཞོན་ནུ་བཀྲ་ཤིས་དོན་གྲུབ་ཀྱིས། བལ་གྱི་ཉལ་ཆས་ལ་འཚེམ་དྲུབ་རྒྱག་བཞིན་སྐར་མ་10ཡི་ནང་ཉལ་ཆས་ཤིག་བཙེམས་ཚར་གྱི་ཡོད་པས། ཉིན་གཅིག་ལ་ཉལ་ཆས་སུམ་ཅུ་ཙམ་འཚེམ་ཐུབ།
སྐྱིད་ལུང་གྲོང་ཚོ་ནི་འབྲོག་ལས་གྲོང་ཚོ་ཞིག་རེད། འབྲོག་པ་དུད་ཚང་255སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་དང་། མཉམ་ལས་ཁང་ལ་ཡུལ་ལུག་3000ལྷག་ཙམ་ཡོད་པས་བལ་གྱི་ཉལ་ཆས་བཟོ་བར་སྤུས་ལེགས་ཀྱི་མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་ཐུབ། “2019ལོར། མཉམ་ལས་ཁང་གིས་བལ་གྱི་ཉལ་ཆས་བཟོས་པར་ཡོང་འབབ་ཁེ་གཙང་སྒོར་ཁྲི་31ཟིན་ནས་དུད་ཚང་དབུལ་པོ་77ལ་བགོ་འགྲེམས་རྒྱག་གི་ཡོད”མཉམ་ལས་ཁང་གི་ལས་འཛིན་དཔོན་རྡོ་རྗེ་རྒྱལ་པོས་ཡུལ་ལུག་ལ་ཡོང་འབབ་མང་པོ་དེ་འདྲ་རག་གི་རེད་བསམ་མྱོང་ཡང་མེད།
ལྕི་བས་མེ་གཏོང་བ་དང་། ར་སྐོར་རྒྱག་པ་བསང་ཡང་བཏང་ཆོག “འོ་ན་ཕྱུགས་རིགས་ཀྱི་ལུད་ལ་ཕན་ཐོགས་གང་ཡོད་དམ”མཚོ་སྔོན་ཞིང་ཆེན་མཁའ་དབྱིངས་འབྲོག་རའི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཚེ་རིང་རྒྱལ་གྱི་སེམས་སུ། སྐབས་དེ་དུས་ཡུལ་མི་ཚོས་ལག་པ་ལྤགས་ཚགས་ཀྱི་ཕུ་ཐུང་ནང་བཅུག་ནས་སྐད་ཤུགས་ཆུང་ངུས་སྐད་ཆ་ཤོད་པའི་སྣང་ཚུལ་དེ་ཡང་སེ་དྲན་གྱི་ཡོད།
“ཕྱུགས་རིགས་ཀྱི་ལུད་ཀྱིས་མ་བཅོས་རྒྱུ་ཆ་བྱས་ཏེ་ཐོན་སྐྱེད་བྱས་པའི་སྐྱེ་ལྡན་ལུད་ད་ཆ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་། ས་ནག་ཐང་བཅོས་སྐྱོང་། རྩྭ་ར་སླར་གསོ་བཅས་ཀྱི་ཁྲོད་དུ་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད”ཅེས་ཚེ་རིང་རྒྱལ་གྱིས་བརྗོད། མཚོ་སྔོན་ནི་རང་རྒྱལ་གྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་པས་ལོ་ལྟར་སྐྱེ་ལྡན་ལུད་ཀྱི་མ་བཅོས་རྒྱུ་ཆ་ཏུན་ཁྲི་1500ཙམ་མཁོ་འདོན་བྱེད་ཐུབ། 2019ལོར། མགོ་ལོག་ཀྲོའུ་གཅིག་སྒྲིལ་རྫོང་གིས་རོགས་སྐྲུན་མ་དངུལ་སྒོར་ཁྲི་1700བསྡུ་སྒྲིལ་བྱས་ཏེ། དྲུག་ཆེན་སུམ་མདོ་གྲོང་རྡལ་དུ་ཀུང་སི་བཙུགས་ནས་སྐྱེ་ལྡན་ལུད་ཐོན་སྐྱེད་བྱས། མིག་སྔའི་བར། ཀུང་སིའི་སྐྱེ་ལྡན་ལུད་ཀྱི་མངགས་ཐོ་ཏུན་ཁྲི་1ཙམ་ཟིན་པ་དང་ཚོད་རྩིས་རགས་ཙམ་བྱས་ན། ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་800ཡན་ཟིན་རྒྱུ་རེད།
“འགྱིག་ཕད་རེར་སྒོར་8རག་གི་ཡོད། ན་ནིང་ལུད་ཁོ་ན་བཙོངས་པར་ཡོང་འབབ་སྒོར་3000རག་བྱུང”ཞེས་གཅིག་སྒྲིལ་རྫོང་སོག་རུ་ཤང་འབྲིང་མདའ་གྲོང་ཚོའི་འབྲོག་པ་སྤེན་པས་དགའ་ཚོར་ཆེན་པོས་བརྗོད། རྩྭ་རའི་རྩྭ་སྐྱེ་འཚར་ཡག་པོ་བྱུང་བས་ཕྱུགས་རིགས་དེ་བས་མང་བ་འཚོ་ཐུབ་ལ་འབྲོག་པའི་ཡོང་འབབ་ཀྱང་རིམ་བཞིན་མང་དུ་འགྲོ་ངེས་རེད།
བརྒྱུད་འགོད་གསལ་བསྒྲགས།:གཙང་གསུམ་ཆུ་འགོར་སྔོ་ལྗང་གོས་ཀྱིས་བཀླུབས། —— མཚོ་སྔོན་གྱི་དབུལ་སྒྲོལ་དང་འབྱོར་འབྲིང་གི་འཐབ་ས་དང་པོར་བརྟག་ཞིབ་ཏུ་སྐྱོད་པའི་སྙན་ཞུ། | ཀུན་གསལ NAV