ཀྲུང་གོའི་འཐུས་མིས་རྒྱལ་ཁབ་ཁག་གིས་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ཨང་དང་པོར་འཇོག་དགོས་པའི་འབོད་སྐུལ་བྱས་པ།

ཀྲུང་གོའི་འཐུས་མིས་རྒྱལ་ཁབ་ཁག་གིས་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ཨང་དང་པོར་འཇོག་དགོས་པའི་འབོད་སྐུལ་བྱས་པ།

སྤེལ་དུས 2020-09-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

       ཟླ་9ཚེས་14དང་15ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་45པའི་ཐོག་ཏོག་གསར་གློ་ཚད་རིམས་ནད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་སྐོར་གྱི་སྤེལ་རེས་གླེང་མོལ་བྱས་པ་རེད། ཀྲུང་གོའི་འཐུས་མིས་ཚོགས་འདུའི་ཐོག་རྒྱལ་ཁབ་ཁག་གིས་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ཨང་དང་པོར་བཞག་སྟེ་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་ཆབ་སྲིད་ཅན་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

       ཀྲུང་གོའི་འཐུས་མིས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པས། མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་ཉེན་ཁ་ཆེན་པོ་བཟོས་ནས་རྒྱལ་ཁབ་ཁག་གིས་མི་དམངས་ཀྱི་ཚེ་སྲོག་གི་ཁེ་དབང་དང་བདེ་ཐང་གི་ཁེ་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པར་འགྲན་སློང་ཆེན་པོ་ཕྲད་པ་རེད། རིམས་ནད་ཀྱིས་ད་དུང་རིགས་རྒྱུད་ཀྱི་མཐོང་ཆུང་དང་སྤྱི་ཚོགས་ཀྱི་དྲང་གཞག་མ་ཡིན་པ་སོགས་ཀྱི་སྣང་ཚུལ་ཚབས་ཆེར་བཏང་ནས་གྲངས་ཉུང་ཚོགས་སྤྱིར་མཐོང་ཆུང་དང་མིང་ཆད་བཟོ་བར་དམིགས་པའི་དམའ་འབེབས་རྒྱུན་མཐོང་དུ་གྱུར་ཡོད་ཅེས་བརྗོད་པ་རེད།

       ཀྲུང་གོའི་འཐུས་མིས་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ཨང་དང་པོར་བཞག་སྟེ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་། རིམས་ནད་ཁྱབ་མཆེད་ཀྱི་འཕེལ་ཕྱོགས་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་རྡབ་རྡེག་བཟོ་ཤུགས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་ཆུང་དུ་གཏོང་བ། མི་དམངས་ཀྱི་གཞི་རྩའི་འཚོ་བར་འགན་ལེན། ཉམས་ཞན་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས་ཞེས་བརྗོད་པ་རེད།

       ཀྲུང་གོའི་འཐུས་མིས་གློ་བུར་དུ་ཐོན་པའི་རིམས་ནད་ཚབས་ཆེན་ལ་ཁ་གཏད་གཅོག་སྐབས་ཀྲུང་གོ་སྲིད་གཞུང་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་ཤོས་དང་། ནན་ཤོས། ཆེས་མཐར་ཕྱིན་པ་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་འཕྲལ་ཐག་ཆོད་པོས་སྤྱད་པ་དང་། འབད་འབུངས་ཧུར་བརྩོན་བྱས་པ་བརྒྱུད་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་འགངས་ཆེན་ཐོབ་ཡོད་ལ། ཀྲུང་གོས་ད་དུང་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཧུར་ཐག་ཞུགས་ཏེ་རང་ངོས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནོན་ཤུགས་ཆེན་པོ་འཕྲད་པའི་གནས་ཚུལ་འོག་རང་ནུས་ཅི་ཡོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་སྐྱོར་བྱས་ནས་ཕྱོགས་ཁག་དང་མཉམ་དུ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། ཀྲུང་གོས་རྒྱལ་ཁབ་32ལ་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་34བཏང་བ་དང་། རྒྱལ་ཁབ་150དང་རྒྱལ་སྤྱིའི་རྩ་འཛུགས་4ལ་རིམས་འགོག་རོགས་སྐྱོར་ཁག་283བྱས་པ། རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ལ་རིམས་འགོག་དངོས་ཟོག་མཁོ་འདོན་དང་ཕྱིར་གཏོང་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱབ་སྐྱོར་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ཏེ་རིམས་ནད་ཀྱི་དམག་འཐབ་ལ་སྔ་ཙམ་རྒྱལ་ཁ་བླངས་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་རྩ་འགན་ལེན་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

དཔྱད་བརྗོད་མེད།

གནས་སྐབས་སུ་དཔྱད་བརྗོད་མེད།