༄༅།།ལི་ཁེ་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་མཁས་ཅན་གྱི་ དམིགས་བསལ་གླེང་མོལ་ཚོགས་འདུར་ཕེབས་པ།
༄༅།།ལི་ཁེ་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་མཁས་ཅན་གྱི་
དམིགས་བསལ་གླེང་མོལ་ཚོགས་འདུར་ཕེབས་པ།
གསར་འགྱུར་སྤེལ་དུས། 【2020ལོའི་ཟླ་ 09ཚེས་18ཉིན། 09:12】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)ཡོངས་ཁུངས། གུང་ཁྲན་ཏང་གི་གསར་འགྱུར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་15ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མི་དམངས་ཚོགས་ཁང་ཆེ་མོར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་མཁས་ཅན་གྱི་དམིགས་བསལ་གླེང་མོལ་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་བ་དང་འབྲེལ། ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོ་དང་སྤེལ་རེས་ཀྱང་གནང་བ་རེད། གླེང་མོལ་ཚོགས་འདུ་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲེ་ཝ་པུའུ་ཡིས་གཙོ་སྐྱོང་གནང་ཞིང་། འཛམ་གླིང་ཡོངས་ཀྱི་ཁེ་ལས་600ཙམ་ཞུགས་ཡོད་པ་རེད།
ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས། མིག་སྔར་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཚོད་འཛིན་ཡོངས་སུ་ཐུབ་མེད་པར། མི་དམངས་ཀྱི་ཚེ་སྲོག་དང་བདེ་འཇགས་ལ་འཇིགས་སྣང་ཆེན་པོ་དང་འཛམ་གླིང་གི་དཔལ་འབྱོར་ལ་རྡབ་རྡེག་ཆེན་པོ་བཟོ་བཞིན་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས། རིམས་ནད་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་སླར་གསོ་བྱེད་རིང་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་བུར་སྐྱོད་དགོས་ཞེས་ནན་བཤད་གནང་ཡོད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གི་མདུན་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། རིམས་ནད་ལས་གང་མགྱོགས་རྣམ་པར་རྒྱལ་ཐབས་བྱེད་དགོས་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་སླར་ཡང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ཀྱང་གཏོང་དགོས་ཞེས་གསུངས་པ་རེད།
ལི་ཁེ་ཆང་གིས་མིག་སྔའི་ཀྲུང་གོའི་དཔལ་འབྱོར་དུས་བབ་ངོ་སྤྲོད་གནང་སྐབས། རིམས་ནད་ལས་ཀྲུང་གོའི་དཔལ་འབྱོར་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་མདུན་དུ། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། དཔལ་འབྱོར་བརྟན་པོའི་ངང་སླར་གསོ་བྱུང་ཞིང་། ཉེ་བའི་ཟླ་ཤས་རིང་། དམིགས་ཚད་གཙོ་བོ་ཁག་བརྟན་པོའི་ངང་སླར་གསོ་ཡོང་བའི་རྣམ་པ་ཞིག་རྒྱུན་འཁྱོངས་ཐུབ་པ་དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་ལ་གཉེན་ཤུགས་ཧ་ཅང་ཆེན་པོ་ལྡན་པ་མངོན་གྱི་ཡོད། ཀྲུང་གོར་ཁྲོམ་རའི་བྱེད་པོ་དུང་ཕྱུར་1.2ཡོད་པ་དང་། ཀྲུང་གོའི་མི་དམངས་ནི་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པ་ཞིག་ཡིན། ཁྲོམ་རའི་བྱེད་པོ་དུང་ཕྱུར་ཡན་དང་། ལྷག་པར་དུ་འབོར་མང་ལ་རྒྱ་ཆེ་བའི་ཁེ་ལས་འབྲིང་བ་དང་ཕྲན་ཚེགས། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་སྲུང་སྐྱོང་ཐུབ་ན་འདི་ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་ཚད་མི་ཁྲི་900ཡན་མང་དུ་འགྲོ་བའི་དམིགས་ཚད་མངོན་འགྱུར་བྱུང་སྟེ། དཔལ་འབྱོར་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་མ་ཟད། འབྱུང་འགྱུར་གྱི་འཕེལ་རྒྱས་ཆེད་རྨང་གཞི་ཡང་འདིང་ཐུབ་རྒྱུ་ཡིན་ཞེས་གསུངས་པ་རེད།
ལི་ཁེ་ཆང་གིས་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་སྐབས་ངེས་པར་དུ་ཚད་རན་པོ་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་ནུས་ལྡན་གཏོང་ཐུབ་པ་བྱེད་དགོས་ལ་རྒྱུན་མཐུད་ཀྱང་ཐུབ་པ་བྱེད་དགོས། ང་ཚོས་སྒྱུར་བཅོས་བྱ་ཐབས་ལ་བརྟེན་ནས་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱ་ཐབས་གསར་གཏོད་བྱེད་པ་དང་། གསར་དུ་འཕར་བའི་ནོར་སྲིད་མ་དངུལ་ཐད་གཞི་རིམ་ལ་ཐད་གཏོང་དང་ཁེ་ལས་དང་དམངས་ལ་ཕན་པ་ཐད་ཀར་སྤྲོད་པའི་ལམ་སྲོལ་འཛུགས་པ། སྲིད་ཇུས་དོན་འཁྱོལ་གྱི་ཕན་འབྲས་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་མིའི་ལས་ཞུགས་འགན་ལེན་དང་། གཞི་རྩའི་དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན་བཅས་དུས་ཐོག་ཏུ་ཐུབ་རྒྱུར་འདེགས་སྐྱོར་བྱེད་དགོས། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ་དང་ཆབས་ཅིག གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་ཟབ་ཏུ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་གལ་ཆེ་མཉམ་འཛིན་བྱས་ནས་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་དགོས་ལ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་ཐབས་ཀྱང་བྱེད་དགོས་ཞེས་གསུངས་པ་རེད།
ལི་ཁེ་ཆང་གིས་ཟླ་7པ་དང་8པར་ཀྲུང་གོའི་དཔལ་འབྱོར་མུ་མཐུད་བརྟན་པོའི་ངང་སླར་གསོ་བྱུང་བ་ལས། སྤྱི་ཁོག་སྲིད་ཇུས་ཀྱི་དགེ་མཚན་ལྡན་པའི་གྲུབ་འབྲས་ཟམ་མི་ཆད་པར་མངོན་པ་གསལ་བཤད་ཐུབ་མོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་གྱི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་འཛམ་གླིང་དཔལ་འབྱོར་གྱི་གཏན་འཁེལ་མེད་པའི་རང་བཞིན་སྔར་བཞིན་འཕྲད་སྲིད། དཀའ་ངལ་དང་འགྲན་སློང་གི་མདུན་དུ་ང་ཚོས་གཞི་ཆེའི་སྲིད་ཇུས་འཚམ་པོ་དང་། ནུས་ལྡན། ལུགས་མཐུན་བཅས་ཡོང་བ་བྱེད་པའི་བརྒྱུད་རིམ་ནང་སྲིད་ཇུས་ལག་བསྟར་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ་ཡིན་ལ། དུས་བབ་ཀྱི་འགྱུར་ལྡོག་ལྟར་སྲིད་ཇུས་ཀྱི་གོ་དོན་འཐུས་སྒོ་ཚང་དུ་དང་ཕུན་སུམ་ཚོགས་སུ་བཏང་ནས་དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་གྱི་རྣམ་པ་བརྟན་དུ་གཏོང་རྒྱུ་ཡིན། འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་ལོ་འཁོར་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་མངོན་འགྱུར་ཐུབ་རྒྱུ་མ་ཟད། ལོ་འཁོར་མོའི་དཔལ་འབྱོར་དངོས་འཕར་ཡོང་རེའང་ཡོད་ཅེས་གསུངས་པ་རེད།
ལི་ཁེ་ཆང་གིས་མིག་སྔའི་རྒྱལ་སྤྱིའི་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བ་དང་འཛམ་གླིང་གི་དཔལ་འབྱོར་བརྟན་པོ་མེད་པའི་རང་བཞིན་ཆེ་རུ་ཕྱིན་མོད། འོན་ཀྱང་ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོ་རེད་ལ། སྤེལ་རེས་དང་མཉམ་ལས་ཀྱང་སྔར་བཞིན་འཛམ་གླིང་གི་འཕེལ་ཕྱོགས་རེད། ཕྱོགས་ཁག་གིས་འགན་འཁྲི་ཐུན་མོང་ཐོག་འཁུར་བ་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བཅས་བྱས་ནས་འཛམ་གླིང་གི་མི་དམངས་ཀྱི་རེ་བ་དང་གདེང་ཚོད་ཆེ་རུ་འགྲོ་བ་བྱེད་དགོས། རང་མོས་ཚོང་དོན་ཀྱག་ཀྱོག་ཁྲོད་མདུན་སྐྱོད་བྱེད་བཞིན་ཡོད་མོད། འོན་ཀྱང་ཁ་ཕྱོགས་ཆེན་པོར་འགྱུར་བ་འགྲོ་མི་སྲིད། གང་ལགས་ཤེ་ན། དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པས་ཡིན། ཚོང་དོན་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་སླར་གསོ་མགྱོགས་པོ་ཡོང་བ་བྱས་ནས་འཛམ་གླིང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
ལི་ཁེ་ཆང་གིས་ཀྲུང་གོའི་དཔལ་འབྱོར་འཛམ་གླིང་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད་པས། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་འཕེལ་རྒྱས་འགྲོ་བར་ཡང་ཀྲུང་གོ་དགོས་མཁོ་ཡོད། ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་འཛིན་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་བརྟེན་ནས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་དགོས། དེ་ནི་སྒོ་རྒྱག་གི་རྒྱལ་ནང་གི་འཁོར་རྒྱུག་མིན་པར་སྒོ་དབྱེའི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་རེད། རྒྱལ་ནང་གི་ཁྲོམ་རའི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་དགོས་པ་མ་ཟད། ཕྱི་ཕྱོགས་ཀྱི་མ་འཇོག་འགུག་ཐབས་དང་ཕྱི་ཕྱོགས་ཀྱི་ཚོང་དོན་འཕེལ་རྒྱས་ལ་ཤུགས་སྣོན་དེ་བས་ཆེན་པོ་བརྒྱབ་སྟེ། ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཐུབ་པ་བྱེད་དགོས། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོ་འདི་ནི་རྣམ་པ་གསར་པའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་དུས་མཚམས་སུ་སླེབས་ཡོད་པས་ནང་མཁོའི་བར་མཐོངས་ཧ་ཅང་ཆེན་པོ་ཡོད། ཀྲུང་གོས་ཁྲོམ་རའི་འཇུག་འཐུས་ཚད་གཞི་མུ་མཐུད་ལྷུག་ཏུ་བཏང་སྟེ། ཕྱི་ཕྱོགས་མ་འཇོག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་མ་འཇོག་ཁེ་ལས་ལ་ལྟ་སྟངས་གཅིག་འཛིན་དང་གཞུང་དྲང་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན། ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག མི་སྣ་དེ་བས་མང་བར་འགྲོ་འོང་གི“བདེ་བགྲོད་ལམ་བུ”དང་ཚོང་ཟོག་འགག་སྒྲོལ་གྱི“ཐོགས་མེད་བགྲོད་ལམ”བཏོད་ནས་ཁེ་ལས་ཀྱིས་རྒྱལ་སྒྲོལ་གཉེར་སྐྱོང་བྱེད་པར་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
པར་དབང་གསལ་བཤད།:xueyugege ལགས་གིས་ 2020-09-20 21:29:50སྟེང་སྤེལ།
བརྒྱུད་འགོད་གསལ་བསྒྲགས།:༄༅།།ལི་ཁེ་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་མཁས་ཅན་གྱི་ དམིགས་བསལ་གླེང་མོལ་ཚོགས་འདུར་ཕེབས་པ། | ཀུན་གསལ NAV
བརྒྱུད་འགོད་གསལ་བསྒྲགས།:༄༅།།ལི་ཁེ་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་མཁས་ཅན་གྱི་ དམིགས་བསལ་གླེང་མོལ་ཚོགས་འདུར་ཕེབས་པ། | ཀུན་གསལ NAV
གནས་སྐབས་སུ་དཔྱད་བརྗོད་མེད།