རྒྱལ་ཁབ་མང་པོའི་མི་སྣས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་འབོད་སྐུལ་བྱས་པ།
རྒྱལ་ཁབ་མང་པོའི་མི་སྣས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་འབོད་སྐུལ་བྱས་པ།
སྤྱི་ཚེས་15ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་75པ་ཉིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་ཤིང་། ལོ་ངོ་75ཡི་གོང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་སྐབས་སུ། ཡོངས་ཁྱབ་རང་བཞིན་དང་། འཐུས་ཚབ་རང་བཞིན། དབང་གྲགས་རང་བཞིན་བཅས་ཆེས་ཆེར་ལྡན་པའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ལ་ལེའུ་གསར་པ་ཞིག་རྩོམ་འགོ་ཚུགས་ཡོད།
མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་འཛམ་གླིང་གི་ས་ཁུལ་མང་པོ་ཞིག་ཏུ་མཆེད་བཞིན་ཡོད། སྲུང་སྐྱོང་རིང་ལུགས་དང་། ཕྱོགས་རྐྱང་པའི་རིང་ལུགས། བཙན་དབང་བྱ་སྤྱོད་བཅས་ཐོན་བཞིན་ཡོད་པས། མིའི་རིགས་ལ་ཐུན་མོང་གི་འགྲན་སློང་མང་པོ་འཕྲད་ཡོད། རྒྱལ་ཁབ་མང་པོའི་མི་སྣས་རྒྱབ་ལྗོངས་འདིའི་འོག་ཏུ། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་75འཁོར་བར་དྲན་གསོ་ཡག་ཤོས་ཞུས་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་མ་ལག་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ་དང་། ཕྱོགས་མང་རིང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། རྡོག་རྩ་གཅིག་སྒྲིལ་གྱིས་འགྲན་སློང་ལ་ཁ་གཏད་གཅོག་དགོས།
གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་ཁག་གི་སྨན་བཅོས་འཕྲོད་བསྟེན་མ་ལག་ལ་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་ཡོད། འཛམ་གླིང་ཡོངས་སུ་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་རྒྱལ་སྤྱིའི་འཕྲོད་བསྟེན་གནད་དོན་གྱི་མཛུབ་ཁྲིད་དང་མཐུན་སྦྱོར་སྒྲིག་གཞི་ཡིན་པའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད།
ཙམ་པབ་ཝེའི་ལྷོ་རྒྱུད་ཨ་ཧྥེ་རི་ཁའི་ཞིབ་འཇུག་དང་ཚད་ལྡན་ཡིག་ཆ་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆི་ཐེ་ས་ཡིས། རིམས་ནད་ལ་ཁ་གཏད་གཅོག་པའི་འཛམ་གླིང་ཡོངས་ཀྱི་བྱ་སྤྱོད་ཁྲོད་དང་། ལྷག་པར་དུ་རྒྱལ་ཁབ་ཁག་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་མཁོ་འདོན་དང་། རྒྱལ་ཁབ་ཁག་ལ་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་གི་རྒྱབ་སྐྱོར་ཐོབ་པ། སྨན་བཅོས་ཐོན་ཁུངས་ཀྱི་རོགས་སྐྱོར་ཐོབ་པ་སོགས་ཀྱི་ཐད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འཐབ་ས་དང་པོའི་སྨན་དོན་མི་སྣ་མང་པོར་དངོས་ཟོག་མཁོ་འདོན་བྱས་པ་ཕུད། ད་དུང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་རོགས་བྱས་ཡོད་པའི་ངོས་འཛིན་བྱས་ཡོད།
རྒྱ་གར་ཉི་ཧོ་ལུའུ་སློབ་ཆེན་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཏི་པོ་ཅེ་ཡིས། ཏོག་གསར་གློ་ཚད་རིམས་ནད་མཆེད་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་མིའི་རིགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་བཟོས་ཡོད། འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ནི་རྒྱལ་ཁབ་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱེད་པ་བརྒྱུད་ནད་དུག་ལ་ཁ་གཏད་གཅོག་པའི་གོ་ལ་ཧྲིལ་པོའི་ཐག་གཅོད་ཇུས་གཞི་རྙེད་ཐུབ་པ་བྱ་རྒྱུ་དེ་རེད། ལོ་ངོ་75གོང་གི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེ་དམག་དོན་ཐོན་ཁུངས་ཁོ་ནར་བརྟེན་པ་ཞིག་མིན་པར། མཐུན་སྒྲིལ་མཉམ་ལས་ནི་རྒྱལ་ཁ་ཐོབ་པའི་འགག་རྩ་ཞིག་རེད་ཅེས་བརྗོད་ཡོད།
ཁེན་ནི་ཡའི་རྒྱལ་སྤྱིའི་འབྲེལ་བའི་རིགས་གཅིག་མཁས་ཅན་ཨ་ཏེ་ཤིའར་གྱིས། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་རྒྱལ་ཁབ་ཁག་ལ་སྔར་བཞིན་མཉམ་ལས་ཀྱི་བར་སྟོང་ཆེན་པོ་ཡོད། ཕན་འབྲས་ལྡན་ལ་རིན་པ་སྤྲོད་ཐུབ་པའི་རིམས་འགོག་སྨན་ཁབ་གསར་པ་གང་མགྱོགས་འདོན་རྒྱུ་ནི་ཉམས་ཉེན་དེ་ཐག་གཅོད་བྱེད་པའི་འགག་རྩ་ཡིན་པ་དང་། དེས་ངེས་པར་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ལྟེ་བ་བྱས་པའི་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ནུས་པར་ཤུགས་སྣོན་རྒྱག་དགོས་ཞེས་བརྗོད་ཡོད།
ལོ་ངོ་75ཡི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣེ་ཁྲིད་འོག་ཏུ་ཁོངས་གཏོགས་རྒྱལ་ཁབ་193གྱིས་ཐུན་མོང་ཐོག་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་བྱས་པ་དང་། གོ་ལ་ཧྲིལ་པོའི་ལས་དོན་བཅོས་སྐྱོང་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སུ་སྤྱོད་དགོས། མིའི་རིགས་ལ་ཐུན་མོང་གི་འགྲན་སློང་མང་པོ་འཕྲད་པའི་མིག་སྔའི་ཕྱོགས་མང་རིང་ལུགས་ལ་དེ་བས་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད།
མོ་ཞི་ཁོའི་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་གྱི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་མ་ཏིང་ནེ་སིས། མིག་སྔའི་ཕྱོགས་རྐྱང་པའི་རིང་ལུགས་རྒྱ་ཡན་དུ་འགྲོ་བ་སོགས་ཀྱི་འགྲན་སློང་གི་མདུན་དུ། འཛམ་གླིང་གིས་དེ་བས་མཐུན་སྒྲིལ་མཉམ་ལས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་ངོས་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཧེ་བག་ཆུང་དུ་གཏོང་རོགས་བྱས་ཏེ་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་ཡོད།
པར་ཙིར་ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་རིགས་གཅིག་མཁས་ཅན་པར་ཙིར་དང་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁ་ཝ་ལུའེ་ཡིས། ད་ཆ་ཕྱོགས་རྐྱང་པའི་རིང་ལུགས་རྒྱ་ཡན་དུ་འགྲོ་བཞིན་ཡོད། གནས་ཚུལ་དེ་རིགས་ཀྱི་མདུན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་གལ་ཆེ་ཤོས་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱ་རྒྱུ་དེ་རེད། གཞན་ཡང་ཏོག་གསར་གློ་ཚད་རིམས་ནད་དང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བ་སོགས་ཀྱི་གནད་དོན་ལ་ཁ་གཏད་གཅོག་དགོས་ལ་ངེས་པར་དུ་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་བྱེད་དགོས་ཞེས་བརྗོད་ཡོད།
ཨེ་ཁྭ་ཏོར་རྒྱལ་ཁབ་མཐོ་རིམ་ཞིབ་འཇུག་ཁང་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཡོན་ཀྲང་མོང་ཐེ་ལུའོ་ཡིས། ཀྲུང་གོས་དར་ཆ་གསལ་སྟོན་གྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། ཀྲུང་གོའི་ལངས་ཕྱོགས་དང་བརྩི་སྲུང་བྱེད་པའི་ཁ་ཕྱོགས་དེ་འཛམ་གླིང་གི་རེ་སྒུག་དང་མཐུན་པ་དང་འཛམ་གླིང་ལ་འཕྲད་པའི་གནད་དོན་དང་འགྲན་སློང་ཐག་གཅོད་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བརྗོད་ཡོད།
རྒྱལ་ཁབ་མང་པོའི་མི་སྣས་ཡོངས་ཁྱབ་ཏུ། མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ནས། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུ་བ་གོ་སྐབས་སུ་བཟུང་སྟེ་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གནས་བབ་ལ་སྲུང་སྐྱོང་བྱས་ནས། འགྲན་སློང་སྣ་ཚོགས་ལ་མཉམ་དུ་ཁ་གཏད་གཅོག་དགོས་པའི་ངོས་འཛིན་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།
བརྒྱུད་འགོད་གསལ་བསྒྲགས།:རྒྱལ་ཁབ་མང་པོའི་མི་སྣས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་འབོད་སྐུལ་བྱས་པ། | ཀུན་གསལ NAV